From Wikipedia, the free encyclopedia
༄༅། །བཀྲ་ཤིས་རྒྱས་པ་བཞུགས་སོ།།
༄༅། །ཨོཾ་བདེ་ལེགས་རྒྱ་མཚོའི་དཀོན་མཆོག་རིན་ཆེན་ལ། །དད་པ་རྒྱ་མཚོའི་འདུན་པས་ཕྱག་བྱས་ཏེ། །སྐྱེ་དགུ་རྒྱ་མཚོའི་དཔལ་དུ་གྱུར་པ་ཡི། །བཀྲ་ཤིས་རྒྱ་མཚོའི་ཤིས་པ་བརྗོད་པར་བགྱི། །རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང་། །མར་པ་མི་ལ་སྒམ་པོ་མཐའ་རྩཔ། །སྣ་ཕུ་པ་དང་དཔལ་ལྡན་འབྲུག་པ་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སངས་རྒྱས་ཀུན་བདག་འཁོར་ལོ་བདེ་བའི་མཆོག། །དེ་ཡིས་རྗེས་བཟུང་གྲུབ་ཆེན་ཤཱ་བ་རི། །གནས་ལྔ་རིག་པའི་གྲུབ་མཆོག་ནགས་ཀྱི་མཚན། །དཔལ་ལྡན་བླ་མ་རྒྱལ་དབང་ཆོས་ཀྱི་རྗེ། །བསྟན་པའི་མངའ་བདག་ངག་དབང་རིན་པོ་ཆེ། །ཉེ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག། །རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་འཁྲུངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཨུ་རྒྱན་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་འདྲ་རྒྱས་པའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །བཀྲ་ཤིས་དམ་པ༴ །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །བཀྲ་ཤིས་དམ་པ༴ །པདྨ་ཉི་མ་འཇིགས་བྱེད་དུས་མཚན་མནན། །སྐུ་མདོག་མཐིང་ནག་ཞལ་བཞི་བཅུ་གཉིས་ཕྱག། །ཕག་མོས་མགུལ་འཁྱུད་དཔའ་བོ་མཁའ་འགྲོས་བསྐོར། །བདེ་མཆོག་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། དུས་མིན་མཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་མེད་ཀྱི་བཀྲ་ཤིས་ཤོག། །དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པའི། །བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག། །ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་དོན་གྱི་ལྷ། རྡོ་རྗེ་སེམས་དཔའི་བཀྲ་ཤིས་གང་ལགས་པའི། །བཀྲ་ཤིས་དམ་པས༴ །ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་གང་ལགས་པའི། །བཀྲ་ཤིས་དམ་པས༴ །ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པའི། །བཀྲ་ཤིས་དམ་པས༴ །བྱང་གི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོན་གྲུབ་པའི་བཀྲ་ཤིས་གང་ལགས་པའི།།བཀྲ་ཤིས་དམ་པས༴ །ཨོ་ཡོན་ཏན་རྒྱལ་པོ་སྐུ་མདོག་གསེར་དང་མཚུངས། །ཤེས་རབ་ཆེན་པོའི་རྟགས་སུ་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་བཀྲ་ཤིས་གང་ཡིན་པའི། །བཀྲ་ཤིས་དམ་པས༴ །ཨཱཿཐུགས་རྗེས་བསིལ་མཛད་སྐུ་མདོག་ཟླ་ཉ་འདྲ། །སྐྱོན་གྱིས་མ་གོས་ཕྱག་ན་པདྨ་བསྣམས། །སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པའི། །བཀྲ་ཤིས་དམ་པས༴ །ཧཱུྃ་འགྱུར་བ་མེད་པ་སྐུ་མདོག་མཐིང་ནག་སྟེ། །མཐུ་སྟོབས་ཆེར་སྟོན་ཕྱག་ན་རྡོ་རྗེ་བསྣམས། །གསང་བའི་བདག་པོའི་བཀྲ་ཤིས་གང་ལགས་པའི། །བཀྲ་ཤིས་དམ་པས༴ །ཧིལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེགས། །བདུད་བཞི་རྣམ་པར་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་ཆེན་པོའི་བཀྲ་ཤིས་ཤོག །ཆོས་སྐུ་གཟུང་འཛིན་བྲལ་བའི་ངང་ཉིད་ལས། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟ་བུ་ལ། །མཚན་དང་དཔེ་བྱད་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཡི་དམ་ལྷ་ཚོགས་རྣམས་ཀྱི༴ །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ཀྱི༴ །ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །ཁྱད་པར་ཨུ་རྒྱན་དབེན་གནས་སུ། །དམ་ཚིག་ཅན་རྣམས་སྲུང་མཛད་པའི། །མཁའ་འགྲོ་མ་རྣམས་ཀྱི༴ །དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཕྱིར། །འཇིགས་བྱེད་མི་བཟད་དྲག་པོའི་ལུས་དང་ལྡན། །རྔམས་པའི་སྟོབས་ཀྱིས་བདུད་བཞི་ཚར་གཅོད་པའི། །མགོན་པོ་བྱ་རོག་མཚན་གྱི༴ །ས་བཅུ་ཉིད་ལ་གནས་པའི་སེམས་དཔའ་ཡང་། །གཟི་བརྗིད་མེ་ལྟར་འབར་བའི་ཁྲོ་ཚུལ་གྱིས། །བསྟན་ལ་སྡང་བའི་དགྲ་བགེགས་རྩད་ནས་གཅོད། །ཡེ་ཤེས་མགོན་པོའི་ཚོགས་ཀྱི༴ །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞི་ཕྲིན་ལས་རྣམ་བཞི་སྒྲུབ། །རྫུ་འཕྲུལ་མཐུ་ལྡན་དགྲ་བགེགས་ཚར་གཅོད་པའི། །ཁྲག་འཐུང་དུད་སོལ་ལྷོ་མོའི༴ །དེ་ཡི་སྐུ་གསུང་ཐུགས་སྤྲུལ་ཕོ་ཉ་ནི། །འགུགས་བྱེད་གསོད་བྱེད་གསུམ་དང་མཁའ་འགྲོ་བཞི། །གདོང་ཅན་བརྒྱད་དང་སྒོ་མ་བཞི་ལ་སོགས། །ལས་བྱེད་ཕོ་ཉ་རྣམས་ཀྱི༴ །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམ་བྷ་ལ། །དངོས་གྲུབ་མཆོག་སྩོལ་ནོར་ལྷའི༴ །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་འགྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་ཡི། །བཀྲ་ཤིས༴ །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས༴ །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །སྙན་པ་ནམ་མཁའ་བཞིན་དུ་ཁྱབ་པ་དང་། །རྒྱུད་ནི་ཉི་ཟླ་བཞིན་དུ་གསལ་བ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །འབད་དང་རྩོལ་བ་མི་དགོས་ཤིང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པའི། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག། གཞི་ཕྱག་བརྒྱ་ཆེན་པོ་ལ་འགྱུར་བ་མེད། །འགྱུར་མེད་སྐུ་ཡི་བཀྲ་ཤིས་ཤོག། སྤྱིར་འགྲོ་དྲུག་ཡོངས་ལ་བཀྲ་ཤིས་ཤོག །སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །ལམ་ཕྱག་རྒྱ་ཆེན་པོ་ལ་འགག་པ་མེད། །འགག་མེད་གསུང་གི་བཀྲ་ཤིས་ཤོག །སྤྱིར་འགྲོ་དྲུག་ཡོངས་ལ་བཀྲ་ཤིས་ཤོག །སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་འཁྲུལ་པ་མེད། །འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །སྤྱིར་འགྲོ་དྲུག་ཡོངས་ལ་བཀྲ་ཤིས་ཤོག །སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་མཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག་གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་དཔོན་སློབ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎསཱཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་གུར་ཀུམ་ལ་སོགས་མེ་ཏོག་འཐོར་བར་མཛད་པས་བསྟན་འགྲོའི་རྒུད་པ་ཐམས་ཅད་གསོས་ནས་ཕན་བདེའི་སྣང་བས་ས་གསུམ་ཁྱབ་པའི་མོས་པ་བྱའོ།། དགེའོ།། སརྦ་མངྒ་ལཾ།།
Reference
དཔལ་ལྡན་འབྲུག་པའི་གསུང་རབ། ༢༠༠༩ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་མགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། ཏཱའི་པེ། ཏཱའི་ཝཱན།
Seamless Wikipedia browsing. On steroids.
Every time you click a link to Wikipedia, Wiktionary or Wikiquote in your browser's search results, it will show the modern Wikiwand interface.
Wikiwand extension is a five stars, simple, with minimum permission required to keep your browsing private, safe and transparent.